སྦ ་ ག ག ོ ཤ ་ ང ནོ་ནོ་ད
རྩོམ་པ་པོ། མིར་ན་ལི་ནི་སྲི་ཝཱ་སྟཱཝ། རི་མོ་བ། སུརབྷཱ་པནྡེ།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ནིམ་སྡོང་ཞིག་གི་སྟེང་ནེ་ཙོ་ཕ་མ་གཉིས་དང་ཕྲུ་གུ་གསུམ་སྡོད་ཀྱི་ཡོད། ཞོགས་པ་རྟག་ པར་ནེ་ཙོ་པ་ལགས་དེ་ཕྱི་ལ་ཟས་འཚོལ་དུ་འགྲོ་བ་དང་། ནས་ཕྲུ་གུར་ལྟ་སྐྱོང་བྱེད་ཀྱི་ཡོད།
2
ཨ་མ་ལགས་ཁྱིམ་ལ་བསྡད་
ནེ་ཙོའི་ཕྲུ་གུ་གསུམ་ནང་ནས། རྒན་པ་གཉིས་ནི་སྐད་ཆ་ཉུང་བ་དང་ཡ་རབས་ཅན་ཞིག་
ཡིན། འོན་ཀྱང་ཕྲུ་གུ་ཆུང་ཤོས་ནོ་ནོ་ནི་འཚུབ་ཐེར་ཞིག་ཡིན། ཁོས་གཅེན་པོ་དང་གཅེན་ མོ་ལ་ཁ་རྩོད་བྱེད་ཀྱི་ཡོད་ཅིང་།
ཕྱི་ལོགས་ལ་འགྲོ་དགོས་ཡོད་ཅེས་ཨུ་ཚུགས་རྒྱག་པ་
དང་། དོན་མེད་དུ་ངུ་ཡི་ཡོད། ཨ་མས་མ་མཐོང་བའི་སྐབས་སུ། ཁོས་ཚང་གི་ཕྱི་ལ་ཡང་ ཡང་འགྲོ་ཐབས་བྱེད་ཀྱི་ཡོད།
3
ཉིན་ཞིག་ནོ་ནོ་ཡིས་ཨ་མས་མ་མཐོང་བ་བྱས་ཏེ། ཁུ་སིམ་པོའི་ངང་ཕྱི་ལ་བྲོས་པ་རེད།
ཁོས་ཡལ་ག་ཞིག་གི་སྟེང་གཟབ་གཟབ་བྱས་ནས་བསྡད་དེ། ཡུལ་ལྗོངས་ལ་བལྟས་པ་རེད།
ཁོས་ཕར་ལྟ་ཚུར་ལྟ་བྱེད་སྐབས། རི་བོང་གི་ཕྲུ་གུ་གཉིས་མཆོང་རྒྱུག་བྱེད་པ་དང་། དེའི་ ཕར་ཙམ་གྱི་རྒྱུག་ཆུའི་འགྲམ་དུ་ཤེའུ་ཞིག་གིས་ཆུ་འཐུང་བཞིན་ཡོད་པ་མཐོང་། ཤེའུ་དེའི་ འཁྲིས་ལ་ཁོའི་ཨ་མའང་ཡོད་པ་རེད།
ནོ་ནོ་ནི་ངོ་མཚར་སྐྱེས་ཏེ་ཤིང་སྡོང་གི་ཡལ་གའི་སྟེང་དུ་ཡར་རྒྱུག་མར་རྒྱུག་བྱེད་སྐབས། གློ་བུར་དུ་རྐང་པ་འདྲེད་བརྡར་ཤོར།
4
ནོ་ནོ་མར་ཟགས་སྐབས་ལོ་མའི་གསེབ་ཏུ་འཁར། ཁོས། ཨ་མ་ལགས། ང་སྐྱོབས་དང་། སྐུ་མཁྱེན་ང་སྐྱོབས་དང་། ཅེས་སྐད་ཤུགས་ཆེན་པོ་བརྒྱབ། ཨ་མ་བྲེལ་འཚུབ་ངང་ནོ་ནོ་ སྐྱོབ་པར་སླེབས། སྐབས་དེར། བྱ་བྱིའུ་གཞན་གྱིས་ནོ་ནོ་ཡར་འཐེན་རོགས་བྱས་ནས་ བསྐྱབས་པ་རེད།
པ་ལགས་ཚང་ལ་ལོག་སྐབས། ཨ་མས་ཁོ་ལ་གནས་ཚུལ་ཚང་མ་བཤད། པ་ལགས་ ཁོང་ཁྲོ་ལངས་ནས་ནོ་ནོ་ལ་གཤེ་གཤེ་བཏང་།
དེ་རྗེས་ཀྱི་ཉིན་ཁ་ཤས་རིང་ནོ་ནོ་ཁུ་
སིམ་པོར་བསྡད། འོན་ཀྱང་། ཡུན་རིང་མ་འགོར་བར། ཁོ་ཡང་བསྐྱར་སྔོན་མ་ནང་ བཞིན་ཆགས་པ་རེད།
5
ཆར་དུས་སླེབས་པ་དང་།
ནོ་ནོ་ཡི་གཅེན་པོ་དང་གཅེན་མོས་གཤོག་རྩལ་སྦྱོང་གི་ཡོད།
ནོ་ནོ་ཡང་སྦྱོང་འདོད་ཧ་ཅང་ཆེན་པོ་ལངས།
ཁོས་རྒྱུན་དུ་ཨ་མ་ལགས་ལ་གཤོག་རྩལ་
སྦྱོང་གི་ཡིན་ཞེས་སུན་པོ་བཟོ་ཡི་ཡོད། ཨ་མས་ཁོ་ལ། ཁྱོད་རང་ད་ལྟ་ཆུང་ཆུང་རེད། ཁྱོད་རང་ལ་འཕུར་རྒྱུའི་ནུས་སྟོབས་ཡོད་མ་རེད། ཁྱོད་རང་གི་གཤོག་པར་ནུས་སྟོབས་
རྒྱས་ནས་མཆུ་ཏོ་དམར་པོ་ཆགས་དུས། ཁྱོད་རང་འཕུར་ཐུབ་ཀྱི་རེད། ཅེས་ལབ་ནས་ཁ་ ཏ་བྱས།
དགོང་མོ་ས་རུབ་ནས་ནོ་ནོ་ཡི་སྤུན་མཆེད་རྣམས་ཚུར་ལོག་ཡོང་སྐབས། ཁོ་ཚོས་ནོ་ནོ་
ལ་ཤིང་ཏོག་སྣ་མིན་སྣ་ཚོགས་བཟས་པ་དང་བྱ་བྱིའུ་མང་པོར་ཐུག་པའི་སྐོར་བཤད་པས། ནོ་ནོ་ནི་ཁོ་ཚོ་མཉམ་དུ་འཕུར་ལྡིང་བྱ་རྒྱུའི་འདུན་པ་ཧ་ཅང་ཆེན་པོ་བྱུང་བ་རེད།
6
ཁོ་ཉིན་གང་བྱེད་རྒྱུ་གང་ཡང་མེད་པས། སྦུབས་སུག་དོག་པ་རེད། ཨ་མས་ཁོ་ལ་ཤིང་ ཏོག་དང་འབྲུ་སོགས་སྤྲད་ནའང་། ཁོས་མ་བཟས་པར། དེའི་ཚབ་ཏུ་བ་དམ་དང་བལ་ པོའི་སེའུ་དགོས་ཞེས་རྙོག་དྲ་བཤད་པ་རེད།
ཨ་མས་ཁོ་ལ་བ་དམ་དང་བལ་པོའི་སེའུ་
མཁྲེགས་པོ་ཡོད་རེད། དེ་ཚོ་བཟས་ན་ན་ཡི་རེད་ཅེས་ལབ། འོན་ཀྱང་། ནོ་ནོ་ཡིས་ཁ་ལ་ མ་ཉན་པ་རེད།
ཉིན་ཞིག་ཚང་ལ་ཁོ་རང་གཅིག་པུ་སྡོད་སྐབས། བ་དམ་ཕོར་པ་གང་བཟས། དེའི་དགོང་
མོར་ཁོ་གྲོད་ཁོག་ན་བ་རེད། ཁོས་ན་ཟུག་མ་བཟོད་པར་མཚན་གང་ངུས་པ་རེད། ཨ་ མས་མོ་རང་གི་གཤོག་པའི་འོག་ལ་རུམ་ནས་དྲོ་པོ་བཟོས་པས། ཁོའི་ན་ཟུག་གང་འཚམ་ འཇགས།
7
ལོ་གསར་སླེབས་གྲབས་ཡོད་པས།
བྱིའུ་རྣམས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ཚང་
གཙང་མ་བཟོ་ཡི་ཡོད། ནོ་ནོ་ཡི་པ་ལགས་ཀྱིས་ཚང་ནང་དུ་རྩྭ་སྐམ་པོ་བཏིང་པ་དང་། ནང་ མི་གཞན་ཚོས་དགུན་ཁའི་ཟ་འབྲུ་གྲ་སྒྲིག་བྱེད་ཀྱི་ཡོད།
ད་ཆ་ནོ་ནོ་ཡལ་ག་གཅིག་ནས་གཅིག་ལ་འཕུར་ཐུབ་ཙམ་ཡོད།
ཨ་མས་ཁོ་ལ་གཤོག་
རྩལ་སྦྱོང་སྟངས་དང་། སྡོང་པོ་དང་ཡལ་གར་འཐམ་སྟངས་སློབ་ཀྱི་ཡོད།
8
ལོ་གསར་ཉིན་མོར། ཨ་མས་ཕྲུ་གུ་རྣམས་ལ་ཟས་ཞིམ་པོ་སྤྲད་ནས། ཉིན་གང་ཚང་ལ་
སྡོད་ལབ་པ་རེད། མོས་ཕྲུ་གུ་རྣམས་ལ། གཅེས་ཕྲུག་ཚོ། དེ་རིང་གཟབ་གཟབ་བྱོས།
མི་རྒན་གཞོན་ཚང་མས་ཤོག་སྦག་སྤར་གྱི་རེད། ཅེས་ཁ་ཏ་བྱས། ནོ་ནོ་ཡིས་ཨ་མ་ ལ། ཤོག་སྦག་ལབ་ན་ག་རེ་རེད། ཅེས་དྲིས་པས། ཨ་མས། ཤོག་སྦག་ནི་འགད་རྫས་ བླུགས་པའི་དངོས་པོ་ཆུང་ཆུང་རེད། དེ་ལ་མེ་སྤར་ན་འཐོར་ནས་འོད་ཆེམ་ཆེམ་འཕྲོ་ ཡི་རེད། ཅེས་ལབ།
ཕྲུ་གུ་གསུམ་གྱིས་ཨ་མ་ལ་ང་ཚོ་ཤོག་སྦག་འབར་བ་ལྟ་འདོད་འདུག་ལབ།
ཨ་མས་
བལྟས་ན་འགྲིག་གི་རེད། འོན་ཀྱང་ཉེན་ཁ་མེད་སའི་ཐག་རིང་ནས་ལྟ་དགོས་རེད། ཤོག་ སྦག་ནི་ང་ཚོ་བྱ་བྱིའུ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་རེད། ཅེས་ལབ། ནོ་ནོ་ཡིས་ཉེན་ཁ་ག་ རེ་ཡོད་རེད། ཅེས་དྲིས་པ་ན། ཨ་མས། ཤོག་སྦག་གི་དུ་བས་མཁའ་རླུང་བཙོག་པ་བཟོས་
ནས། ང་ཚོ་དབུགས་གཏོང་རྒྱུའང་ཁག་པོ་བཟོ་བ་མ་ཟད། མེ་སྟག་གིས་ང་ཚོའི་གཤོག་པ་ འཚིག་གི་རེད། ཅེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ།
9
ཉིན་དེར་བྱིའུ་ཚང་མ་སོ་སོའི་བྱིའུ་ཚང་དུ་སྔ་ཙམ་ལོག
པ་ལགས་ཀྱང་སྔ་པོ་སླེབས། ས་རུབ་དུས་ཤོག་སྦག་སྦར་བས། བར་སྣང་དུ་དེའི་མེ་སྟག་ གིས་སྐར་ཚོགས་ལྟར་མཛེས་པར་བྱས་ཤིང་། གང་སར་ལྡིར་སྒྲས་ཁེངས།
ནོ་ནོ་ནི་ཤོག་སྦག་གི་ལྡིར་སྒྲ་ལ་ཞེད་སྣང་སྐྱེས་ཀྱང་། འོད་མདངས་ལ་ཧ་ཅང་དགའ་པོ་བྱུང་།
10
ནོ་ནོ་ཡིས་ནང་མི་ཚོ་ཉལ་རྒྱུར་བསྒུགས་ཡོད།
ཁོ་ཚོ་ཉལ་བ་དང་། ཁོས་ག་ལེར་ཡལ་
ག་དམའ་པོ་ཞིག་གི་སྟེང་དུ་ཕྱིན་ནས། ཤོག་སྦག་ལ་བལྟས་ཏེ་བསྡད། ཏོག་ཙམ་རྗེས་ལ།
ཁོས་དེ་ལས་མཐོ་བའི་ཡལ་ག་གཞན་ཞིག་གི་སྟེང་དུ་འཛེགས་ནས་བལྟས། དེ་ནས་ཡང་ བསྐྱར་ཡལ་ག་མཐོ་ཤོས་ཤིག་ཏུ་འཛེགས་ནས་བལྟས།
11
ནོ་ནོ་ཡིས་གཤོག་ཟུང་ལན་ཁ་ཤས་བརྡབས་ནས་འཕུར་ཁུལ་བྱས། ཡ་མཚན་པ་ཞིག་ལ་ ཁོ་རང་བར་སྣང་དུ་ལྡིང་ཡོད་པས། ཁོས་རང་ཉིད་འཕུར་ཤེས་ཀྱི་ཡོད་པ་གཞི་ནས་ཚོར། ཨོ། ང་འཕུར་ཐུབ་ཀྱི་འདུག ཅེས་ལབ། ཨ་མས་འཕུར་སྟངས་བསླབས་པ་ནང་བཞིན་ འཕུར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཁོ་མེ་སྟག་དཀྱིལ་ལ་ཀྱ་གེ་ཀྱོག་གེ་བྱས་ནས་
འཕུར་བས། ཅུང་མ་འགོར་བར་ཐང་ཆད་པ་དང་། ཤོག་སྦག་གི་དུ་བས་དབུགས་གཏོང་
རྒྱུ་ཁག་པོ་བྱུང་བ་རེད།
12
ནོ་ནོ་ཚང་ལ་ལོག་ནས་ངལ་གསོ་བྱ་འདོད་མོད། འོན་ཀྱང་ཁ་ཕྱོགས་གཏན་ནས་མ་བརྙེད། གློ་བུར་དུ་ཤིན་ཏུ་ཚ་བའི་དངོས་པོ་ཞིག་ཁོའི་གཤོག་པའི་སྟེང་དུ་ཕོག་པས། གིས་སྐད་ངན་ཤོར་བ་རེད།
13
ཁོ་ན་ཟུག་
གློ་བུར་དུ་ཁོ་རང་ མར་མར་་་ ས་ལ་ལྷུང་བཞིན་ཡོད་པ་ཚོར། མཐར་ཁོ་ཤིང་སྡོང་གི་
ཡལ་ག་ཞིག་གི་སྟེང་དུ་ཟགས། ཨ་ར་ར་་་ ནོ་ནོའི་སྒལ་པར་རྨས་སྐྱོན་ཕོག་པས། ན་ ཟུག་མ་བཟོད་པར་ངུས།
14
ཤིང་སྡོང་སྟེང་དུ་ཡོད་པའི་ནེ་ཙོ་ཞིག་གིས་ནོ་ནོ་ཡི་ངུ་སྐད་ཐོས། ཁོས། ཝེ། ནོ་ནོ། ཁྱོད་ རང་འདིར་ག་རེ་བྱེད་ཀྱི་ཡོད། ཅེས་དྲིས།
ནོ་ནོས་ངུ་བཞིན་ཁོ་ལ་གནས་ཚུལ་ག་རེ་བྱུང་བ་ཚང་མ་བཤད། ནེ་ཙོ་དེས་མགྱོགས་པོར་ ལོ་མ་ཁ་ཤས་བལྡད་ནས་ནོ་ནོའི་གཤོག་པའི་སྟེང་ལ་བྱུགས།
སང་ཞོགས་ནོ་ནོའི་ཕ་མ་གཉིས་གཉིད་སད་དུས། ནོ་ནོ་མེད་པ་མཐོང་ནས་སེམས་ཁྲལ་
ལངས། ནོ་ནོའི་ཨ་མ་ངུས་པ་རེད། ནེ་ཙོ་ཞིག་ཁོ་ཚོའི་ཚང་དུ་ཡོང་ནས། ནོ་ནོ་རྨས་སྐྱོན་ ཕོག་འདུག ཁོ་ད་ལྟ་ངའི་ནང་དུ་ཡོད། ཁོའི་གཤོག་པ་ཚིག་འདུག ཅེས་ལབ།
15
ནོ་ནོ་བརྙེད་ནས་སྲོག་ལ་ཉེན་ཁ་མེད་པ་བཤད་ཙང་ཕ་མ་གཉིས་སེམས་ལྷོད་ལ་བབ། ཁོ་ གཉིས་ལམ་སང་ནོ་ནོ་ལ་ལྟ་བར་ཕྱིན།
སྐབས་དེར་ནོ་ནོ་ཉལ་བསྡད་ཡོད། ཨ་མས་ཁོ་ལ་འཐམས་ནས་བྱམས་པོ་བྱས། ནོ་ནོ་
གཉིད་སད་པ་དང་། ཨ་མ་མཐོང་བས་མིག་ཆུ་འཁོར། ཁོས་ཨ་མ་ལ་འཐམས་ནས། ཨ་མ་ ལགས་དགོངས་དག ད་ནས་བཟུང་ངས་ཁྱེད་ཀྱི་ཞལ་ལ་ཉན་པོ་བྱེད་ཀྱི་ཡིན་ལབ།
རང་གི་བུ་ལ་ཉམས་མྱོང་གི་བསླབ་བྱ་ཐོབ་པར། ཕ་མ་གཉིས་དགའ་པོ་ཞེ་པོ་བྱུང་བ་རེད།
16